སག་སྟེང་སྦོ་རངས་བླ་མའི་གདུང་རབས།

སྦོ་རངས་རྩེ་དགོན་པ་དང་འདིའི་གདུང་རབས།

སྤྱི་ལོ་ 1560 རེ་གྲངས་ལ་ རང་ཟླ་ལྔ་པའི་ཚེས་པ་ཉི་ཤུ་ལ་མཚོ་ལུང་དགོན་དུ་གཤེགས་ནས། གསོལ་དཔོན་ཀུན་དགའ་སག་སྟེང་དུ་ཕེབས་ཏེ་གྱན་ཤག་ཏུ་སྐུ་ཞག་བཞུགས།།

སྦོ་རངས་ཡུལ་མི་དག་གིས་བླ་མར་གསོལ་བས། སྦོ་རངས་རྩེ་ལ་རྟེན་ཁང་ཆུང་ཆུང་ཞིག་བཏབ་ནས་བཞུགས་པ་ཡིན། རྟེན་ཁང་འདི་ནི་སྦོ་རངས་དགོས་པ་ཐོག་མ་དེ་ཡིན། དེར་བཞུགས་ནས་འགྲོ་དོན་དང་སྔོན་བླ་མའི་གནང་བའི་སག་སྟེང་ལོ་གསུམ་དམངས་སྐུ་རིམ་ལས་རིམ་རྣམས་འཕྲོ་མཐུས་སྐྱོང་། ཁོང་གི་སློབ་བརྒྱུད་དུ་གུ་རུ་ཆོས་དབང་ཡབ་སྲས་རྣམས་བྱུང་ངོ་།།

དེ་ནས་བླ་མ་རེ་ཞིག་གཞན་དོན་དུ་སྐུ་གཤེགས་ནས། སློབ་མ་རྣམས་ཀྱིས་རིམ་པར་སྐྱོང་སྟེ། གུ་རུ་ཆོས་དབང་། དེའི་སྲས་བླ་མ་སུ་མི། དེའི་སྲས་བླ་ཆོས་གྲགས། དེའི་སྲས་བླ་མ་པདྨ་གྲགས་པ། དེའི་སྲས་བླ་མ་པད་དར། དེའི་སྲས་བླ་མ་པདྨ་ཚེ་རིང་། དེའི་སྲས་འགྱུར་མེད་ནོར་བུ།  དེའི་སྲས་པདྨ་ཚེ་རིང་། དེའི་སྲས་སངས་རྒྱས་ནོར་བུའོ།།



གུ་རུ་ཆོས་དབང་།

སག་སྟེང་བླ་མ་བཀྲ་ཤིས་ཀྱི་སྲས་གུ་རུ་ཆོས་དབང་ཡིན་ལ། དེ་ལ་བུ་བཞི་བྱུང་བ་ནི། ཆེ་བའི་མིང་ལ་དགོས་པ། འབྲིང་བའི་མིང་ལ་སུ་མི། གཞོན་པའི་མིང་ལ་པདྨ། ཆུང་བའི་མིང་ལ་བླ་མ་རིན་ཆེན་ཟེར། 
སྲས་འབྲིང་བ་བླ་མ་སུ་མི་ལ། སྲས་གཉིས་བྱུང་བའི་དོན་གྲུབ་བཟང་པོ་དང་། ཆོས་གྲགས་གཉིས་ཡིན་ནོ།།

བླ་མ་པདྨ་གྲགས་པ།

བླ་མ་ཆོས་གྲགས་ཀྱི་རྒྱུད་དུ་འཁྲུངས་པའི་སྲས་ལ་བླ་མ་པདྨ་གྲགས་པ་ཡིན། མི་རྣམས་ཀྱིས་བླ་མ་ལོང་པའང་ཟེར་ལ། བླ་མས་བརྒྱ་བཞི་ཆོ་གའི་གཏོར་མ་དང་མཆོད་མེ་གྲངས་དང་གྲོན་ཆེ་བས། མི་ཚང་ཉམས་ཆུང་ལ་དཀའ་ངལ་གཟིགས་ནས་གཏོར་མ་དང་མཆོད་མེ་ཕྱོགས་བཞིར་རེ་རེར་བསྡུས་ནས་བྱས་པ་ལ། བླ་མའི་སྤྱན་གཅིག་ལ་སྐྱོན་ཅུང་ཕོག་པས་བླ་མ་ལོང་བ་ཟེར་བ་ཡིན། ཁོང་གི་སྐབས་སུ་སྦོ་རངས་བླ་མཚོ་དྭགས་པོ་ཤི་སར་སྤོ་གནང་བ་དེ་ཡང་། སག་སྟེང་པ་སྡེ་ཚན་གཅིག་རྟ་དབང་དུ་ཕྱིན་ནས་ལོག་པའི་ལམ་བར་ དྭགས་པོ་ཤི་སའི་ལྗོངས་དེར་ལྟོ་རྒྱགས་ནས་སྡོད་པ་ལ། ངེས་མེད་ཞིག་ཏུ་སྦོ་རངས་རྩེ་བླ་མ་དེར་ཕེབས་ནས། མི་རྣམས་ལ་ཁྱོད་རྣམས་འདིར་མ་སྡོད་མགྱོགས་པོ་སོང་གསུངས་ནས་མི་སྣང་བར་གྱུར་པ་ལ། རླུང་ཚུབ་དང་བཅས་ཆུའི་རླབས་འོང་སྟེ་གནས་འདིར་འཁྱིལ་ནས་མཚོ་ཆགས་སོ། སྦོ་རངས་བླ་མའི་བླ་མཚོ་འདི་ནི་ད་ལྟའང་མཇལ་རྒྱུ་ཡོད། དེའི་སྲས་ལ་བླ་མ་པད་དར་ཡིན་ནོ།། 


བླ་མ་པདྨ་ཚེ་རིང་།

བླ་མ་པད་དར་གྱི་སྲས་བླ་མ་པདྨ་ནོར་བུའམ་པདྨ་ཚེ་རིང་ཡིན། སྐུ་ན་གཞོན་པའི་སྐབས་སུ། བུམ་ཐང་ཕྱོགས་ནས་གཏེར་སྟོན་པདྨ་གླིང་པའི་ཆོས་བརྒྱུད་འཛིན་པའི་བླ་མ་ཞིག་གནས་མཆོག་བྷ་ག་བྱང་མཇལ་བར་སག་སྟེང་བརྒྱུད་དེ་སོང་ནས་ལོག་པའི་སྐབས་སུ། སག་སྟེང་དུ་ཞག་ཤས་བཞུགས་པར་ལྗོངས་འདིར་སྐྱིད་པོའི་གནང་བ་བྱུང་ཏེ། སྦོ་རངས་བླ་མ་དང་ཡུལ་མི་འབྲེལ་ལམ་གྱིས་རྒྱབ་དགོན་དུ་དབེན་གནས་ཞིག་བཏབ་བོ། དེ་ནས་འབུམ་ཐང་སོང་ནས་སློབ་མ་དག་ཅིག་དང་པདྨ་གླིང་གཏེར་ཆོས་རྣམས་གདན་དྲངས། སྦོ་རངས་བླ་མ་དང་འབྲེལ་ལམ་ཡག་པོ་བྱུང་ཡང་། ཕྱིས་སུ་སྤ་ར་ཕ་ཚའི་ཞིང་ཁའི་སྐོར་མ་འཆམ་པར་གཉིས་ཀས་སྒྲུབ་རྟགས་སྟོན་པར་མཛད། རྒྱབ་དགོན་བླ་མས་རྡོ་ལ་ཞབས་རྗེས་དང་། སྦོ་རངས་བླ་མས་དཔར་རྩེགས་རྒྱགས་གནང་རྣམས་ད་ལྟའང་མཇལ་རྒྱུ་ཡོད།།

  བྱོན་མཁར་བུ་མོ་སྐར་མ་བྷོ་ཏི་སར་མཚན་ལ་ཕེབས་པའི་ཞབས་རྗེས་དང་། སླད་ནས་དེ་ལྟར་མི་ཕེབས་རྒྱུར་གུ་རུ་ལ་དམ་བཅའ་ཕུལ་བ་བཅས་ཀྱི་རྣམ་ཐར་མང་ངོ་། གུང་ལོ་ཅུང་འགྲས་པའི་སྐབས་སུ་གུ་རུ་རིན་པོ་ཆེ་དང་སྔོན་གྱི་སྨོན་ལམ་དང་ལུང་བསྟན་ལྟར་དུ་དགོན་པ་ད་ལྟ་ཡོད་འདིར་སྤོ་གནང་མཛད་པ་ཡིན། སྲས་དང་སློབ་བརྒྱུད་ཡང་མང་པོ་བྱུང་།།

བླ་མ་འགྱུར་མེད་ནོར་བུ།

བླ་མ་པདྨ་ནོར་བུའི་སྲས་བླ་མ་འགྱུར་མེད་ནོར་བུའི་སྐབས་སུ། རྒྱབ་དགོན་དབེན་གནས་བདག་མེད་དུ་སོང་བ་ནས་ཉམས་རྒུད་ལ། ནང་རྟེན་གསུང་རབ་རྣམས་རང་དགོན་དུ་གདན་དྲངས། མེས་སྐྱོན་དང་ས་ཡོམ་གྱི་འཇིགས་པས་དགོན་པ་ཉམས་ཆགས་བྱུང་ནས།  ནང་རྟེན་རྩ་ཅན་དག་མ་གཏོགས་ཕན་མེད་དུ་སོང་། ད་ལྟ་མཇལ་རྒྱ་ཡོད་པའི་པ་ཉམས་གསོ་གནང་། བཀའ་སྲུང་དུ་མོན་ཡུལ་སྡེ་རང་ནས་མགོན་མ་ཎི་གདན་དྲངས།།
  དགོན་པའི་རྟེན་རྙིང་རྣམས་བཀྲ་ཤིས་སྒང་རྫོང་དུ་གདན་དྲངས་པ་ལ། སག་སྟེང་ཡུལ་འཇུག་ཏུ་གདན་ཆང་གིས་གར་པའི་ལག་ཏུ་བཏང་། བླ་མ་ཐུགས་སེམས་སྐྱོང་བའི་ངང་དུ་མ་ཎི་རོང་བརྒྱུད་དེ་དགོན་པར་ལོག་ཕེབས་པར། མ་ཎི་རོང་གི་རྡོར་གཅོད་མ་ཎི་མཚམས་སུ་སླེབས་ལྡོག་ཙ་ན། མ་ཎིས་བླ་མར་གསུང་བྱོན་པའི་རྣམ་ཐར་སོགས་ཡོད།།

བླ་མ་སྲས་གསུམ་བྱུང་བའི་ཆེ་བ་ཚེ་རིང་ཕུན་ཚོགས། འབྲིང་བ་སངས་རྒྱས་ཚེ་རིང་། ཆུང་བ་པདྨ་ཚེ་རིང་བཅས་ཡིན།།

བླ་མ་སངས་རྒྱས་ཚེ་རིང་གི་དགོན་པའི་བདག་ཉར་ཕྱག་མཆོད་གནང་། ཕྱི་ལོ་༡༩༩༢ ལོར། དགོན་པར་རྟེན་སྐུ་གཉིས་འབོར་རླགས་ཤོར་ནས་བཟུང་། དཀོན་གཉེར་མགོན་སྡེ་གསུམ་གྱི་ཆོས་དམངས་ནས་ནང་རྒྱུར་རྒྱགས་ནས་ད་བར་དེ་ལྟར་ལགས་སོ།།


བླ་མ་སངས་རྒྱས་ནོར་བུ།

བླ་མ་སངས་རྒྱས་ཚེ་རིང་ལ་སྲས་མ་བྱུང་བས། ཆུང་བ་པདྨ་ཚེ་རིང་གི་སྲས་སངས་རྒྱས་ནོར་བུ། སྦོ་རོངས་བླ་མའི་ཕ་ཤུལ་བུ་འཛིན་གྱིས་ཕུའི་བླ་མ་རྩིས་སྲོལ་ཞུས་པ་བཅས་ཡིན།།

Comments

Popular posts from this blog

སྟོན་པ་ཚད་མའི་སྐྱེས་བུ་སྒྲུབ་པའི་ལུགས་འབྱུང་ལྡོག་གི་རྟགས་བརྒྱད།

མཚན་ཉིད་སློབ་ཁྲིད།

བྲ་ཏི་རིན་ཆེན་དོན་གྲུབ། དཔྱད་དགོས་པ།