དགེ་བཤེས་ངག་དབང་དགེ་འདུན།

 

At Borong Mani Dungkhor Sakteng 

༄༅། །དགེ་བཤེས་ངག་དབང་དགེ་འདུན་གྱི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་དང་མཛད་ཆའི་སྐོར་སྙིང་བསྡུས།


དགེ་བའི་བཤེས་གཉེན་ནི་ལོ་རྟགས་ཡོས་ཡིན་ལ། སྤྱི་ལོ་1962  ལོར་སག་སྟེང་ཡུལ་དུ་ཡབ་ངག་དབང་དོན་གྲུབ་དང་། ཡུམ་བློ་བཟང་གིས་ཀྱི་སྲས་སུ་འཁྲུངས།།


གཞོན་ནུར་ཡབ་ལ་རབ་ཏུ་འབྱུང་རྒྱུའི་སྐོར་ཞུས་པར། ཡབ་ནས་དགའ་ལྡན་དགོན་པོ་གཏོང་རྒྱུ་དང་ཀླུ་འབུམ་ཁང་ཚན་ལ་འགྲོ་དགོས་པའི་སྐོར་གསུངས་ནའང་། ལས་དབང་གིས་སྤྱི་ལོ་1983 ལོར། མོན་ཡུལ་རྟ་ངབང་བརྒྱུད་ནས་སེ་རར་ཕེབས་ནས་བྲ་ཏི་རྒན་ཐུབ་བསྟན་བཟོད་པའི་ཁ་ཐེག་འོག སེར་བྱེས་མཁན་པོ་ངག་དབང་ལེགས་ལྡན་སྐུ་མདུན་ནས་རབ་ཏུ་འབྱུང་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་སྐོར་བཞུགས།།


དཔེ་ཁྲིད་དགེ་རྒན་དུ་ཏྲེ་ཧོར་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བློ་དགའ་དང་། དགེ་བཤེས་རྒན་པདྨ་རྒྱལ་མཚན། སྒྱུད་སྨད་མཁན་ཟུར་རྒན་བཀྲ་ཤིས་ཚེ་རིང་བཅས་བསྟེན་ནས་ཚོགས་ཆོས་སློབ་གཉེར་ཚུལ་བཞིན་གནང་བ་ཡིན།།


ལོ་དེར་༸གོང་ས་མཆོག་རྒྱུད་སྨད་གྲྭ་ཚང་ཕེབས་ནས་སྦས་དོན་ཀུན་གསལ་གསུང་ཆོས་གནང་བ་དང་སྟབས་བསྟུན་དགེ་ཚུལ་གྱི་སྡོམ་པ་ཞུས།།


སྤྱི་ལོ་1987ལོར་༸གོང་ས་མཆོག་གི་སྐུ་མདུན་ནས་སེ་ར་ཐེག་ཆེན་གླིང་ཚོགས་ཆེན་དུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ནོད།།


སྤྱི་ལོ་1990 ཐམ་པའི་ལོ་ནས་རང་ཉིད་སློབ་གཉེར་བྱས་པ་དང་སྦྲགས། དགེ་ཕྲུག་ཏུ་མོན་ཡུལ་མཁར་སྟོད་ནས་ཚེ་རིང་བཀྲ་ཤིས། 1992ལོར་ ཨོ་རྒྱན་གླིང་ནས་བྱམས་པ་སྐལ་བཟང་།  1994 ལོར་ རིག་འཛིན་བསྟན་པ་དང་སངས་རྒྱས་ངག་དབང་། སག་སྟེང་ནས་བྱམས་པ་བསྟན་འཛིན་སོགས་དགེ་ཕྲུག་མང་དག་ཅིག་བདག་ཉར་གྱིས་སློབ་སྦྱོང་གནང་།།


དགེ་ཕྲུག་ལ་ཤག་གི་དཀའ་ངལ་གྱིས་སྤྱི་ལོ་1999 ལོར་ཁང་མིག་གཉིས་ཅན་གྱི་རྫ་ཁང་གྲྭ་ཤག་གསར་པ་སྐྲུན་ནས་དགེ་ཕྲུག་མང་པོར་སློབ་སྦྱོང་དང་མཐུན་རྐྱེན་སྐྲུན། །


གྲྭ་ཚང་གི་ལས་ཁུར་དུ་ཆབ་རིལ་ལོ་གཅིགདང་། ཤིང་དཔར་ཁང་ངུ་ལོ་གཅིག་ཞབས་ཕྱིས་ཞུས། ཁང་ཚན་གྱི་ལས་ཁུར་དུ་ཁང་ཚན་དགེ་རྒན་བཞེངས།།


སྤྱི་ལོ་2002ལོར་གྲྭ་ཚང་དུ་ཚོགས་རམས་དགེ་བཤེས་མཚན་རྟགས་དང་གཏོང་སྒོ་ཕུལ།  ལོ་དེར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་འཆད་ཉན་ལ་བཞུགས།།


སྤྱི་ལོ་2008ལོར་གྲྭ་ཚང་རིན་པོ་ཆེ་ནས་ མོན་ཡུལ་འཇམ་དབྱངས་ཆོས་འཁོར་གླིང་དུ་ཕྱག་མཛོད་ལས་ཡུན་ལོ་ངོ་གསུམ་གྱི་རིང་བསྐོས་བཞགས་གནང་བར། ཕྱག་མཚོད་དང་དགེ་སྒོས་གཅིག་ཅོག་ཐོག་གང་ནུས་ཀྱི་འགྲིག་ལམ་གཟིགས་རྒྱུ་དང་ཕྱག་མཛོད་ལས་ཁུར་བཞེས། སྐབས་དེར་ལས་རོགས་ཕྱག་མཛོད་ལས་རོགས་བྱ་དགེ་བཤེས་བསྟན་འཛིན་ནོ་བུ་དང་། ཧ་དགེ་བཤེས་ཐུབ་བསྟན་དབང་ཕྱུག་ལས་རྣམ་གཉིས་ཡིན། མཁན་པོར་དགེ་བཤེས་བསྟན་འཛིན་བསྟན་པ་བཅས། ངོ་ལོ་གསུམ་དང་ཟླ་བ་ལྔའི་རིང་ཞབས་ཕྱིས་ཞུས་ལས་བྱེས་གསར་རྙིང་རྩིས་ལེན་སྐབས་སྒོར་འབུམ་དྲུག་ལྷག་ཙམ་རྩིས་ལེན་ལ། རྩིས་སྤྲོད་སྐབས་སུ་སྒོར་འབུམ་དྲུག་བརྒྱ་ཐམ་པ་རྩིས་འབུལ་ཞུ་ཐུབ་པ་བྱུང་། གྲྭ་འབོར་བརྒྱ་ཙམ་ཡོད་ལ་ཚོགས་ཆོས་སློབ་གཉེར་གཏན་ཆགས་ཚུགས་ཐུབ་པ་བྱུང་། མ་ཟད་༸གོང་ས་མཆོག་ཞབས་སོར་འཁོད་ལ་སློབ་མ་རྣམས་རྩོད་རྒྱུགས་འབུལ་ཐུབ་བྱུང་། ས་ཆེན་༸གོང་མ་རིན་པོ་ཆེ། སེར་བྱེས་མཁན་པོ་བློ་བཟང་དཔལ་ལྡན་མཆོག མཁན་པོ་བློ་བཟང་བདེ་ལེགས། ཟམ་དོང་རིན་པོ་ཆེ། བྱ་མདོ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་སྤྱན་འདྲེན་ཐུབ་པ་སོགས་ལས་དོན་ཕུན་སུམ་ཚོགས་པ་བྱུང་།།


མདོར་ན། རབ་ཏུ་མ་བྱུང་སྔོན་སྲས་མ་དང་བཟང་གནག་རྫི་བྱས་ནས་སྡོད་ལ། གུང་ལོ་ཉི་ཤུ་མཚམས་ནས། རབ་ཏུ་བྱུང་ཏེ་གཞུང་ཆེན་དཀའ་པོད་ལྔ་ལ་གསན་བསམ་གནང་ཏེ་དགེ་བཤེས་མཚན་གནས་བཞེས།།


སྐུ་ཚེའི་ནང་ལ་ཆོས་འབྲེལ་ཞུས་པའི་བླ་མ་ནི། གོང་དུ་སྨོས་པ་དག་དང་། བཀའ་དྲིན་གསུམ་ལྡན་གྱི་བླ་མ་༸གོང་ས་ཆེན་པོའི་དབུས། སྐྱབས་རྗེ་སྤ་ནངས་རིན་པོ་ཆེ། ཆོས་ལྡན་རིན་པོ་ཆེ། རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན། རྒྱུད་སྨད་མཁན་པོདགའ་ལྡན་དགེ་བཤེས་སྐྱོར་དཔོན། རྒྱུད་སྨད་མཁན་པོ་དགེ་བཤེས་ཐུབ་སྟོབས། རྒན་བྱམས་པ་ཆོས་གྲགས། ལྡན་མ་བློ་ཆོས་རིན་པོ་ཆེ། བྱ་མདོ་རིན་པོ་ཆེ། ཟམ་དོང་རིན་པོ་ཆེ། གུ་རུ་རིན་པོ་ཆེ། སློབ་དཔོན་པདྨ་རང་གྲོལ་སོགས་སོ།།  །།


ཤཱཀྱའི་དགེ་སྦྱོང་ བྱམས་པ་བསྟན་འཛིན་གྱིས་2024/4/12ལ་བགྱིས་པ་དགེའོ།།

At Tholong Gonpa 2024



ཨོ་སྦ་ཏི། ལེའུ་གཉིས་པ།


༄། །སག་སྟེང་དགེ་བཤེས་ངག་དབང་དགེ་འདུན་གྱི་སྐུ་ཚེའི་མཛད་ཆ་དུམ་བུ་ཞིག


སྤྱི་ལོ་2012  ལོར་གནས་མཆོག་རྡོ་རྗེ་གདན་དུ་རིན་པོ་ཆེ་དབུ་བཞུགས་ཀྱིས་སག་སྟེང་དགེ་བཤེས་དང་དགེ་སློང་རྣམ་ཀྱི་འགྲོས་མོས་ཐོག་ནས་ཚོགས་གཙོ་བསྐོས་བཞག་གནང་།།


  སྤྱི་ལོ་2013ལོ་མཇུག་ཏུ་སེ་ར་ནས་མོན་ཡུལ་དུ་ཕེབས་ཏེ་སག་སྟེང་ཡིད་དགའ་ཆོས་གླིང་གསར་བཞེངས་ལ་རྟ་དགོན་དགེ་སློང་བྱམས་པ་སྦྱིན་པ་ཕྱག་རོགས་ཏུ་ཁྲིད་ནས་རྟ་དབང་ཁུལ་དང་། བོམ་སྡེ་ལ་བཅས་ལ་སློང་མོ་གནང་།།


  སྤྱི་ལོ་2014ལོར་ སྦོ་རངས་རྨང་གི་དགེ་བཤེས་བློ་བཟང་སྟོབས་འབྱོར་ཕྱག་རོགས་ཏུ་ཞུས་ནས་རང་ཟླ་༣པའི་ནང་ལ་དབུ་འཛུགས་ཀྱིས་ཡིད་དགའ་ཆོས་གླིང་རང་ཟླ་༨པའི་ནང་ཁང་ཟོངས་ལེགས་པར་བསྒྲུབས། ལོ་དེར་སྦོ་རངས་མ་ཎི་ཚོགས་པ་མ་དངུལ་དང་སྨྱུང་གནས་གཏན་ཆགས་བཙུགས། ཁྲག་ཁྲུ་མ་ཎི་ཚོགས་པ་དང་མ་དངུལ་བཙུགས། བྱོན་མཁར་མ་ཎི་ཚོགས་པ་སྔོན་ནས་འདུག་པར་ཚོགས་པའི་མ་དངུལ་བཙུགས་སོ།།


   སྤྱི་ལོ་2015ལོར་ནང་བསྟན་དུ་ཐུབ་དབང་གཙོ་འཁོར་གསུམ་དང་། སློབ་དཔོན། རྗེ་ཡབ་སྲས་གསུམ། སྒྲོལ་མ། རིགས་གསུམ་མགོན་པོ། རྒྱལ་བའི་དཀའ་འགྱུར་ཆ་ཚང་རྟ་དབང་ནས་བྷག་བྱང་བརྒྱུད་ནས། སྤུན་སག་པའི་གདན་ཆང་། སྟེང་མར་སག་སྟེང་པའི་གདན་ཆང་། སྦོ་རངས་པའི་ཡིད་དགའ་ཆོས་གླིང་དུ་གདན་ཆང་གྱིས་གདན་འདྲེན་ཞུ། དེ་ནས་ཚབ་ཆེན་སྨྱུང་གཞི་བཞེས་ནས་སྨན་བཅོས་དུ་རྒྱལ་ས་ཐིམ་ཕུ་དང་རྒྱ་གར་ཀ་ལི་ཀ་ཏ་སྨན་ཁང་དུ་ཕེབས་སོང་། དེ་ནས་སག་སྟེང་ལོག་ནས་དགེ་བཤེས་སྟོབས་འབྱོར་ལས་འགན་གནས་སྐབས་རྩིད་སྤྲོད་ཀྱིས་རྒྱ་གར་རྒྱལ་ས་དྷི་ལི་དང་སེ་ར་ལ་ཕེབས་སྐུ་ངལ་ཅུང་གསོས་ནས་ལོ་འཇུག་ཏུ་སྨན་བཅོས་དང་སྦྲགས་འབྲུག་ཡུལ་དུ་ལོག་ཕེབས།།


  སྤྱི་ལོ་2016ལོར་ཅུང་དྲག་སྐྱེས་བྱུང་ནས་མཆོད་ཁང་གི་ལྕགས་རི་རྫོགས་པར་རྩིགས། ནང་རྟེན་སྐུ་འདྲ་རྣམས་གྱི་གཟུངས་དང་ཞལ་གསེར་ཕུལ། མཆོད་ཁང་ཀྱི་མཚོན་རྩི་ལེགས་པར་ཕུལ། དེར་གཏོགས་དགེ་འདུན་དང་ལུང་པའི་བདེ་དོན་དུ་ལོ་ལྟར་ལོ་གསར་ཚེས་པར་ལྷ་མོའི་མཚན་ཚོགས་བཙུགས།།


     སྤྱི་ལོ་2017ལོར་མཚོ་ལུང་དགོན་པ་ཉམས་གསོ་དགོས་པར་ཐུགས་འཆར་གསུངས་ནས་ཕོངས་མེད་དགེ་བཤེས་བསྟན་འཛིན་དབང་འདུས་ནས་རོགས་དངུལ་དང་བལ་ཡུལ་གནས་སྡོད་སག་སྟེང་པ་རྡོ་རྗེ་ལགས་མ་དངུལ་ཞལ་འདེབས་འབྱུང་བར། སག་སྟེང་ནས་དགེ་སློང་འཇམ་དཔལ་ཤེས་རབ་སྡེ་ཚན་དང་མེ་རག་ནས་ཟླ་བའི་སྡེ་ཚན་གཉིས་བཅས་ཡུལ་མི་དག་ནས་དགའ་དགའ་སྤྲོ་ཀྱིས་དྭང་བླངས་སྐབས་དེའི་རྒ་པའི་རྣམ་གཉིས་ནས་ཚད་མཐོན་པོས་རྒྱབས་སྐྱོར་གྱིས་མཚོ་ལུང་དགོན་པའི་མཆོད་ཁང་ཉམས་གསོ་ཐུབ་ནས། དགེ་བཤེས་ཕེབས་ནས་རབ་གནས་དང་སྐུ་མཚམས་ཟླ་བ་གཅིག་གི་རིང་བཞུགས་ནས་མཐར་འབྲོག་མི་དག་ལྷན་ཅིག་ཏུ་ཚོགས་འཁོར་ཕུལ། འབྲོག་ས་མང་ལ་ཕེབས་ནས་རབ་གནས་དང་།མཚོ་དང་ཚེའུ་ཀླུ་མཆོད་ཀླུ་སྨན། གསང་མཆོད་སོགས་གནང་བ་སྤྱི་ལོ་དེ་ནས་ད་བར་རང་ཟླ་༥འི་ནང་མཚོ་ལུང་ཏུ་ཕེབས་བཞུགས་སྐུ་མཚམས་གནང་བ་ཡིན།།


 སྤྱི་ལོ་2018ལོར་སག་སྟེང་དགོན་འཛིན་གྲྭ་ཚང་འདུ་ཁང་གསར་བཞེངས་ལ་ས་བཅུད་བུམ་པ་སྦས་གནང་མཛད་པ་དང་མཐར་འདུ་ཁང་ལེགས་སྒྲུབས་ལ་གསེར་ཏོག་འབུལ་བའི་གཙོ་འགན་བཞེས་དགོས་པ་བྱུང་།།


  སྤྱི་ལོ་2019ལོར་ ཡིད་དགའ་ཆོས་འཛིན་དུ་སག་སྟེང་སློབ་གྲྭ་གུང་སེང་དང་སྟུན་ནས་དགུན་ཁའི་སློབ་ཁྲིད་ལོ་ལྟར་གསར་དུ་བཙུག་གནང་མཛད་པ་ཡིན།།


སྤྱི་ལོ་2020/ 21ལར་རྒྱང་ལོགས་རྩེར་སྒྲུབ་གནས་གཏན་གཏན་གླིང་མཚམས་ཁང་གསར་བཞེངས་གནང་བ་ཡིན།།


སྤྱི་ལོ་2022ལོར་སེར་བྱེས་དགེ་བཤེས་བློ་བཟང་ནོར་བུ་ལ་ཡིད་དགའ་ཆོས་འཛིན་རྩིད་སྤྲོད་གནང་།།


སྤྱི་ལོ་2023 ལོར་མཐོ་ལོང་དགོན་པར་ཕེབས་ནས་མ་ཎི་ཚོགས་པ་དང་མ་དངུལ་གསར་བཙུག་ནས། 2024ལོར་གནས་དེར་སྨྱུངགནས་ཆོ་ག་ལས་རིམ་ཐོག་མར་བཙུག་པར་གནང་བ་བཅས་སོ།།  །།



སག་སྟེང་དགེ་བཤེས་ངག་དབང་དགེ་འདུན་ནས། སྤྱི་ལོ་2017ནས་བཟུང་ནས་འདི་ལོ་2024བར། རང་ཟླ་༥འི་ཟླ་མཇུག་ནས་རང་ཟླ་༦འི་ཟླ་ཕྱེད་ཡས་མས། མཚོ་ལུང་དགོན་དུ་མཚམས་དང་རི་བོ་བསང་མཆོད། མཚོ་གང་སར་ཀླུ་མཆོད་ཀླུ་སྨན་སོགས་ཆགས་མེད་གནང་བས། ལོ་འདི་མཛད་པ་ཅུང་ཟད་བཀོད་པ་ནི།


༦འི་ཚེས་པ་བཞི་ལ་མཚོ་ལུང་དགོན་པའི་མཆོད་ཁང་དུ་ལྷ་བསང་རྣམ་དག་མཆོད་སྐུ་དང་རི་བོ་གསང་མཆོད་རྒྱས་པ་ཕུལ།


ཚེས་པ་ལྔ་ལ། ལུང་ཤམ་བིའི་མཚོ་ལ་ སྔར་བླ་མ་བསྟན་པའི་སྒྲོན་མེའི་སྲོལ་རྒྱུན་མར་གྱི་གཡག་དང་མར་གྱི་ལུག་འབུལ་སྲོལ་ལྟར་ཕུལ་ནས་གསོལ་ཁ་གནང་། དེ་ལྟར་འབུལ་ཚུལ་འདི་བླ་མ་ཞིང་ལ་ཕེབས་ནས་རེ་ཞིག་ཉམས་ཟེར། ལུང་ཤམ་བིར་མེ་རག་དྲུང་ཡིག་སྐལ་བཟང་རྗོ་རྗེས་ཆོ་ག་རེ་གནང་བ་དང་ཁོང་གྲས་སོང་སྐབས་རྟ་ལ་སྐལ་ནས་གདན་ཞུས་པའི་ལོ་རྒྱུས་འབྲོག་པ་ཁ་ཅིག་གི་བཤད་སྲོལ་འདུག།



ཚེས་པ་བརྒྱད་ལ་ མཚོ་ལུང་དགོན་པའི་མཚོར་ལ་མར་གཡག་དང་མར་ལུག་ཕུལ་བ་དང་། ཀླུ་མཆོད་ཀླུ་སྨན་སོགས་ཀྱི་ཀླུ་རྣམས་དགྱེས་པར་མཛད། མ་ཟད་བླ་མ་བསྟན་པའི་སྒྲོན་མེས་མཚོ་ལུང་དགོན་པར་མཛད་པའི་ལ་དགའ་རྩེའི་གསེར་སྐྱེམས་ཆོ་ག་དེ་བཏང་གནང་བ་ཡིན། དེ་ལ་ཕན་བརྒྱ་དང་སུམ་ཅུ་ལྷག་དང་གཏོར་མའང་དེ་བཞིན་གྲངས་མང་། སག་སྟེང་མེ་རག་གི་ཡུལ་ལྷ་གཞི་བདག བཙན་དང་མ་མོའི་ཚོགས། མདོར་ན་ཕུ་མདའ་གླིང་གསུམ་ལ་གསོལ་ཁ་རྒྱ་ཆེར་གནང་། ད་ནས་བཟུང་དྲུག་པའི་ཚེས་བཞི་ལ་ལྷ་བསང་དང་ལ་དགའ་རྩེའི་སེར་སྐྱེམས་ཀྱི་ཆོ་ག་དེ་གཉིས་ཆགས་མེད་དུ་འབུལ་རྒྱུའི་གཏན་ཁེལ་གནང་བ་ཡིན།།


བླ་མ་བསྟན་པའི་སྒྲོན་མེས་མཛད་ཟེར་བའི་ལ་དགའ་རྩེའི་གསེར་སྐྱེམས་ནང་གི་ཕུ་མདའ་གླིང་གསུམ་ནི། མགོན་པོ་དང་། དཔལ་ལྡན་ལྷ་མོ། དྲག་པོ་ཤ་དཀར། ཨ་མ་ཇོ་མོ། ཇག་པ་མེ་ལེན། ཚོང་ཚོང་མ། དྭངས་ལིངས། ཨ་ན་ཨུ་ནི། ཉང་ཞུར་མ། ཨ་ཡུང་བདེ་བ། ཡེ་ཤེས་སྒྲོལ་མ། སངས་རྒྱས་སྒྲོལ་མ། ཡུམ་བཟང་མོ། སྐལ་བཟང་ཇོ་མོ། ཕུ་སེར་མ། མདའ་གདོང་དཀར། ཕུ་ཤུགས་པ།  མདའ་ཆམས་པ། སག་རིམ་རྩེ་སངས་རྒྱས་ལྷ་མོ། རྒྱབ་ཅུང་བླ་མ། ཀླུ་མོ་དཀར་མོ། ཀླུ་མོ་དོན་གྲུམ་ལྷ་མོ། གམ་གསར་ཨེས་མེས་མེ། ཤར་མགྲོན་གཉེར། ཚོག་ཚོམ་རལ་པ། ཤར་དམག་དཔོན། པདྨ་མགོ་གསུམ། དགེ་སློང་ཀྲབ་ཀྲུ། གཡང་ལ་དབྱངས་ཅུང་། ཕུ་སེར་ཕུ། མདའ་གཤམ་ཟར། ཁྱི་བོ་རླུང་བཙན། ཀ་དེང་ཕུ། པ་བ་རི། ཡེད་དཀར་བཙན། ཉག་ཅུང་། ཨ་ཏི་རི་བདུད། གཙོད་བུ། གཞི་བདག་བཅས་ཡིན།། 


མགོན་པོ་ནས་ཚོང་ཚོང་བར་གཏོར་མ་ལྔ་ལྔ་དང་ཕན་ལྔ་ལྔ། ཨ་ན་ཨུ་ནི་ནས་ཉག་ཅུང་བར་གཏོར་མ་གསུམ་གསུམ་དང་ཕན་གསུམ་གསུམ། ཨ་ཏི་རི་ནས་གཞི་བར་གཏོརམ་རེ་དང་ཕན་རེ། དྭངས་ལིངས་ལ་གཏོར་མ་གསུམ་དང་ཕན་ལྔ་བཅས་ཡིན།།2024/7/16




ཤཱཀྱའི་དགེ་སྦྱོང་བྱམས་པ་བསྟན་འཛིན་ནས་སེ་ར་རང་ཤག་ཏུ་བགྱིས་པ་དགེའོ།།

Comments

Popular posts from this blog

སྟོན་པ་ཚད་མའི་སྐྱེས་བུ་སྒྲུབ་པའི་ལུགས་འབྱུང་ལྡོག་གི་རྟགས་བརྒྱད།

མཚན་ཉིད་སློབ་ཁྲིད།

བྲ་ཏི་རིན་ཆེན་དོན་གྲུབ། དཔྱད་དགོས་པ།